Thursday, 7 February 2013

Some of my own experiences which I love to share you all..


རང་གི་ཉམས་མྱོང་ཕྲན་བུ།
སྤྱིར་ང་རང་ཚོགས་པ་འདིའི་ནང་གི་ལས་བྱེད་རྙིང་ཤོས་གྲས་དང་ཉམས་མྱོང་ཆེ་ཤོས་ཀྱི་གྲས་ཤིག་མ་ཡིན་ནའང་ཚོགས་པ་ནང་ལོ་གཅིག་གི་རིང་སློབ་མ་ ༣༥ ལྷག་ཙམ་དང་། འཛིན་གྲྭ་ཁྱོན་ ༡༠༠༠ ལྷག་ལ་སློབ་ཁྲིད་བྱས་མྱོང་ཡོད་མཁན་གྱི་ལས་བྱེད་ཐོག་མའི་གྲས་ཤིག་ཡིན་ཞེས་བཤད་ཆོག ད་བར་སློབ་ཕྲུག་ལ་སློབ་ཁྲིད་བྱེད་སྐབས་ཐབས་ལམ་དང་ཉམས་མྱོང་གང་བསགས་པ་དེ་བྲིས་ཤོག་ཅེས་བཀའ་གནང་བ་ལྟར། སློབ་ཕྲུག་མང་བའི་སྐབས་མཚམས་རེར་འཛིན་གྲྭ་བརྒྱད་ཙམ་མུ་མཐུད་ནས་ཁྲིད་མྱོང་ཡོད་ལ་ནམ་རྒྱུན་འཛིན་གྲྭ་དྲུག་ཙམ་འཁྲིད་ཀྱི་ཡོད།
དེ་ནི་རང་ཉིད་ཀྱི་ཤེས་འཇོན་ཡིན་པ་ནམ་ཡང་ངོས་འཛིན་ཞུ་ཡི་མེད།
དེང་སང་ཡིན་ན་ཉིན་རེ་ལ་འཛིན་གྲྭ་བདུན་རེ་ཁྲིད་ཀྱི་ཡོད་པ་ནི། འཛིན་གྲྭའི་སྔོན་རང་ཉིད་ཀྱིས་ཁྲིད་གཞི་གྲ་སྒྲིག་ཚགས་ཚུད་བྱས་ཐོག་སློབ་མར་སློབ་ཚན་དང་འབྲེལ་བ་མེད་པའི་(warm-up)སྐད་ཆ་སྐར་མ་ ༥ ཙམ་བཤད་ཀྱི་ཡོད། དེ་ནས་སྐར་མ་ ༡༥ སྦྱངས་ཟིན་པའི་སློབ་ཚན་ལ་བསྐྱར་སྦྱོང་དང་དྲི་བར་ལན་རྒྱག་ཐབས་བྱེད་ཀྱི་ཡོད། ལྷག་མ་སྐར་མ་ ༤༠ ཙམ་ཡོད་པ་དེ་ལ་སློབ་ཚན་གསར་པ་འགོ་འཛུགས་པ་དང་དུས་ཚོད་རག་ན་སློབ་ཚན་དེ་བསྐྱར་སྦྱོང་དང་ནང་སྦྱོང་ཡང་སྤྲོད་ཀྱི་ཡོད། སྐབས་རེ་སློབ་ཕྲུག་མང་པོ་མེད་པ་དང་དམིགས་བསལ་གྱི་ལས་ཀ་མེད་དུས་སློབ་ཕྲུག་མང་ཆེ་བ་ལ་སློབ་ཚན་འཕར་མ་ཁྲིད་ཀྱི་ཡོད། དེ་ནི་ཚོགས་པའི་ཁེ་ཕན་ལ་དེ་ཙམ་འབྲེལ་བ་མེད་ནའང་གཙོ་བོ་སློབ་ཕྲུག་ལ་ཕན་ཐབས་བྱས་པའི་ཁུལ་ཡིན། ཡང་དྲྭ་ལམ་ཡག་པོ་མེད་དུས་དུས་ཚོད་འཕར་མ་སྤྲད་ཐུབ་པའང་བྱེད་ཀྱི་ཡོད།

བསམ་འཆར།

དྲྭ་ཐོག་གི་དགེ་རྒན་རྣམས་ལ་ངེས་པར་དུ་འཛིན་གྲྭའི་སྔོན་ལ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་དུས་ཚོད་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་རེད་འདུག དུས་ཡུན་དེའི་ནང་དགེ་རྒན་གྱིས་སློབ་ཚན་གྲ་སྒྲིག་ཡག་པོ་བྱེད་ཐུབ་པ་དང་ཏོག་ཙམ་ལྷོད་ལྷོད་ཀྱང་ཡོང་ཐུབ་པ་ཟད། དྲྭ་ལམ་ཡག་པོ་མེད་དུས་སློབ་ཕྲུག་ལ་དུས་ཡུན་འཕར་མ་ཡང་སྤྲོད་ཐུབ། དགེ་རྒན་སུ་འདྲ་ཞིག་ཡིན་རུང་རང་ཉིད་ཀྱི་སློབ་ཕྲུག་གཞན་ལ་ཤོར་བའི་སྐབས་དགེ་རྒན་གསར་པ་དེའི་ཡོན་ཏན་བརྗོད་དགོས་པ་དང་། དགེ་རྒན་གསར་པས་གོང་གི་དགེ་རྒན་ལ་བསྔགས་བརྗོད་སོགས་བྱེད་ཐུབ་ན་སློབ་མའི་སྤྲོ་བ་འཕེལ་བར་ཕན་ཐོགས་ཆེན་པོ་ཡོད་པ་ངེས་བྱུང་།       

ཐུགས་རྗེ་ཆེ།
ནང་བསྟན་སྲི་ཞུ་ཁང་གི་དྲྭ་ཐོག་འཛིན་དགེ་བསྟན་རྣམ་ནས། ཕྱི་ལོ་༢༠༡༣ ཟླ་ ཚེས་ ཉིན།


(( ཁྱེད་རྣམ་པའི་བསམ་ཚུལ་ལ་དེ་བས་གལ་ཆེ་བ་འཛིན་གྱི་ཡོད་པས་གོང་གི་ཐབས་ལམ་ལ་སྐྱོན་ཆ་དང།དེ་ལ་བསྣོན་པ་རྒྱག་དགོས་པའི་རིགས་ལ་ང་ཚོས་གཟའ་པ་སངས་དང། གཟའ་ལྷག་པའི་རིང་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པས་ཐུགས་ལ་བཞག་རོགས་གནང་། ))

Supposed to know these if you are an online Esukhia Teacher


༄༅། །དྲྭ་ཐོག་འཛིན་གྲྭ་མ་ཁྲིད་གོང་དགེ་རྒན་རྣམ་པས་མཁྱེན་དགོས་པ་ཁག་ཅིག་གཤམ་གསལ།

༼དགེ་རྒན་ངོས་ནས་སློབ་མར་ཀུན་སློང་འཛིན་སྟངས་ཐད།༽
༡༽ སློབ་ཕྲུག་གི་གནས་ཚད་དང་མཐུན་པའི་སློབ་ཁྲིད་བྱེད་དགོས་པ་ལས་ཨུ་ཚུགས་མཐར་བསྐྱེལ་ལྟ་བུའི་སློབ་ཁྲིད་བྱེད་མི་རུང།
༢༽ སློབ་ཕྲུག་དུས་ཐོག་ཏུ་མ་འབྱོར་བ་དང་། སྐྱོན་དང་ནོར་འཁྲུལ་སོགས་བྱུང་ཚེ་དགེ་རྒན་ནས་བཟོད་བསྲན་ངེས་པར་བྱེད་དགོས།
༣༽ སློབ་ཕྲུག་གི་ནོར་འཁྲུལ་ལ་བསམ་ཤེས་དང་ནོར་འཁྲུལ་བྱུང་ཚེ་སློབ་ཕྲུག་ལ་སློབ་གསོ་རྒྱག་ཐབས་བྱེད་དགོས།
༤༽ དགེ་རྒན་རང་ཉིད་ཀྱིས་ཐབས་ལམ་དམིགས་བསལ་བེད་སྤྱོད་དེ་སློབ་ཕྲུག་གི་དཀའ་ངལ་སེལ་ཐབས་བྱེད་དགོས།

༼སློབ་མས་དགེ་རྒན་ལ་འདུ་ཤེས་འཛིན་སྟངས།༽

༡༽ དགེ་རྒན་དེ་སློབ་ཁྲིད་ལ་དབྱིངས་ཡོད་མེད་དང་། འཛིན་གྲྭ་འཁྲིད་སྐབས་དོ་སྣང་ཡོད་མེད་སོགས་ལ་ངེས་པར་ལྟ་བ་ཡིན།
༢༽ དགེ་རྒན་གྱིས་ལན་རྒྱག་ཐུབ་མིན་དང་སློབ་མའི་དོགས་གནད་སེལ་ཐུབ་མིན་ལ་ཡང་ལྟ་ཡི་ཡོད།
༣༽ ཁྲིད་ཐབས་དང་གཅིག་གྱུར་གྱི་ཐབས་ལམ་ཡོད་མེད་སོགས་དམིགས་བསལ་གྱི་ཁྱད་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད།
༤༽ དགེ་རྒན་གྱིས་ལས་གནས་ཐོག་འཛིན་པའི་དམིགས་ཡུལ་དང་། མུ་མཐུད་ལས་ཀ་བྱེད་འདོད་ཡོད་མེད་ཤེས་ཐབས་བྱེད་ཀྱི་ཡོད།

སློབ་ཁྲིད་ཐབས་ལམ།

༡༽ ཐོག་མ་སྐར་མ་ལྔ་ཙམ་རིང་སློབ་ཚན་ལ་འབྲེལ་བ་མེད་པའི་རྒྱུན་ལྡན་གྱི་སྐད་ཆ་རིགས་བཤད་པ།
༢༽ སྦྱང་ཟིན་པའི་སློབ་ཚན་ལ་བསྐྱར་སྦྱོང་བྱེད་པ།
༣༽ སློབ་ཚན་གསར་པ་འགོ་འཛུགས་པ།
༤༽ ནང་སྦྱོང་བསྐུར་བ་སོགས་ཐབས་ལམ་བཞིའི་ཐོག་བེད་སྤྱོད་བྱས་ན་ལེགས་པར་སྙམ།

དེ་མིན་གཞན་ཤེས་དགོས་པ་རྣམས་ནི་གཤམ་གསལ་ལྟར་ཡིན།

༡༽ དྲྭ་ཐོག་གི་འཛིན་གྲྭ་ཡོད་ཕྱིན་ཆད་ (Skype) ཡང་ན་ (Google+ ) ངེས་པར་དུ་ཤེས་དགོས་ཤིང་། དེའི་ནང་གཙོ་བོ་ཡིག་་་གཟུགས་ཆེ་ཆུང་བཟོ་སྟངས། ཉན་ཆས་སྒྲིག་སྟངས།  དྲྭ་ལམ་བརྗེ་པོ་རྒྱག་སྟངས། པར་སྟོན་སྟངས་སོགས་ཤེས་དགོས།
༢༽ འཛིན་གྲྭ་ཚར་རྗེས་ Spread Sheet རྒྱངས་སྟངས་ཤེས་དགོས། སློབ་ཕྲུག་མང་པོ་ཡོད་པའི་དགེ་རྒན་རྣམས་ཀྱིས་སོ་སོས་འཁྲིད་པའི་སློབ་ཕྲུག་གི་མིང་ཐོ་ Spread Sheet ནང་མ་ནོར་བ་བཀོད་ཐུབ་པ་བྱེད་དགོས།
༣༽ Podio བེད་སྤྱོད་བྱེད་སྟངས་ཀྱང་ཤེས་དགོས། འདིའི་ནང་སློབ་ཕྲུག་འཛིན་གྲྭར་མ་ཡོང་བའི་རིགས་རྣམས་ཚོགས་པ་ལ་བརྡ་ལན་དང་། དགོངས་པ་ཞུ་དགོས་ཚེ་ (Podio) ནང་དུ་ངེས་པར་དུ་བཀོད་དགོས།
༤༽
སྨོན་ལམ་ཚིག་མཛོད་གློག་ཀླད་ནང་དུ་ཡོད་དགོས་ཤིང་དག་ཆ་མ་ནོར་བ་དང་། ཚིག་མཛོད་བེད་སྤྱོད་བདེ་ཆེད་ཚིག་མཛོད་སྔོན་ནས་ཁ་ཕྱེས་ཏེ་གློག་ཀླད་ངོས་སུ་འཇོག་དགོས་པ་ཡིན།